བསྟོད་གླུ་ཁྲོམ་ཆེན་ཐལ་སྒྲ།
赞美大街的掌声
ཚིག.ཆོས་མཆོག
作词:曲桥
གཞས་པ། ཆོས་དབང་།
作曲:民间
དབྱངས་། དམངས་ཁྲོད།
歌手:曲文
གླུ་ཨ་གླུ་ཡི་ལེན་ལུགས་རེད།།
ཐ་ལ་ངག་གི་འགུག་ལུགས་རེད།།
གླུ་སྣ་རྒྱལ་བ་རིགས་ལྔས་དྲོངས།།
གླུ་གཞུག་མ་དང་མཁའ་འགྲོས་སྐྱོངས།།
ས་ཡར་ཡར་སོང་ན་ཇེ་སྐྱིད་རེད།།
སྐྱིད་ཟེར་ན་སྐྱིད་ལུགས་འདི་འདྲ་ཡོད།།
རི་དཀར་འཛོང་ཤེལ་གྱི་མཆོད་རྟེན་ལ།།
མདོག་དམར་སེར་བྲག་གིས་མཐའ་ནས་བསྐོར།།
མི་བསོད་ཆེན་རྣ་ལ་ཆོས་སྒྲ་ལྷང་།།
སེམས་དད་པ་ཞོག་ན་སྡིག་པ་དག།
དེ་བླ་མ་ནོར་གྱི་ལྷ་ཚོགས་རེད།།
ཆགས་བཞག་ན་འཇོག་ལུགས་ཨེ་འདྲ་གདའ།།
~
སྟོད་རྒྱ་གར་ཆོས་ཀྱི་ས་ཆ་ནས།།
ཤིང་བྱང་ཆུབ་ལྗོན་པའི་མདུན་དྲུང་དུ།།
མགོན་ཤཱཀྱའི་རྒྱལ་པོས་སློབ་འབངས་ལ།།
ཆོས་ཟབ་མོའི་འཁོར་ལོ་བསྐོར་བ་འདྲ།།
རི་ནག་པོ་གངས་ཀྱི་ཅོད་པན་ཅན།།
དབྱར་ཟླ་གསུམ་ཆར་སྤྲིན་ལང་ལོང་འཁྲིགས།།
དགུན་ཟླ་གསུམ་ཁ་བའི་ན་བཟའ་གསོལ།།
དཔའ་དགྲ་ལྷའི་བྱིན་གཡང་ཉི་ལི་ལི།།
མགོན་ཆོས་སྐྱོང་ཝེར་མ་འཚུབ་སེ་འཚུབ།།
རི་གཉན་ཆེན་མགར་བ་མཆེད་བརྒྱད་རེད།།
བཅོལ་དགོས་ལེའི་ཉིན་ལ་ཕ་མ་འདྲ།།
མིང་འབོད་པའི་ཉིན་ལ་ཕུ་ནུ་འདྲ།།
~
སྟོད་ན་ཀློང་ཁྲ་མོའི་ཁུག་སོ་ན།།
ཆབ་ཆུ་བོའི་མགོ་ཁུངས་བཀྲ་ཤིས་འཁྱིལ།།
བྱ་འདབ་ཆགས་མགྲིན་པའི་གླིང་བུ་སྙན།།
སྨན་བདུད་རྩི་ཆབ་རྒྱུན་ལྷུང་ལྷུང་འབབ།
གོང་རྒྱལ་བློན་གྲལ་རྡང་སྒྲིག་འདྲ་བོ།།
འཁོར་སྡེ་འབངས་ཁྲིམས་ཆེན་དྲུག་ལ་བཀོད།།
ཡུལ་འདི་ཡི་དཀར་ཕྱོགས་དགུང་ལ་བསྟོད།།
ཆགས་བཞག་ན་སྒམ་དཀར་མཆེད་བརྒྱད་རེད།།
ཆུ་ཡན་ལག་བརྒྱད་ལྡན་བུར་ཆུའི་འགྲམ།།
བུ་བུ་མོའི་ཁྱིམ་གཞིས་ལྷུན་གྱིས་ཆགས།།
མི་ཡར་རབས་རྒྱུད་ལ་ཡོན་ཏན་ཆེ།།
ས་དགེ་མཚན་ཅན་ལ་དགེ་བཅུ་འཛོམས།།
~
ས་འདི་ཚོའི་ཡོན་ཏན་བསྟོད་རྒྱུ་ན།།
ལྕེ་དམར་པོས་བརྗོད་ན་ཚར་ལེ་མིན།།
དེ་ཡིན་ལུགས་འདྲ་མ་ག་འདྲ་རེད།།
ཁྱོད་ཁྲ་ཆུང་མིག་གིས་ལྟད་མོ་ལྟོས།།
གླུ་གོ་ན་རྣ་བའི་བདུད་རྩི་ཡིན།།
མ་གོ་གླུ་ལ་ལེན་ལྡབ་མེད།།
གླུ་བླངས་ཚད་ཆོས་ལ་འགྱུར་བར་ཤོག།
ཆོས་ཡང་དག་འགྱུར་བའི་སྨོན་ལམ་འདེབས།།